བོད་པའི་བེུད་ཅིག་ལ་ལྡི་ལི་སློབ་ཆེན་ནས་བསླབ་པ་མཐར་སོན་གྱི་གསེར་གྱི་རྟགས་མ་ཐོབ་པ།

སོ་སོའི་ངོས་ནས་རང་ཉིད་ཀྱི་ནུས་པར་ཡིད་ཆེས་བྱེད་ཚེ། ངའི་བསམ་པར་ལམ་ཁ་ཞིག་གཏན་གཏན་རྙེད་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།

བོད་པའི་བེུད་ཅིག་ལ་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཤར་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་ཁོངས་ཨང་རིམ་དང་པོ་སོན་ཏེ་གསེར་གྱི་རྟགས་མ་ཐོབ་པ།

ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༠ ཉིན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ (University of Delhi) གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༡༠༣ པའི་ཐོག སློབ་གཉེར་ཁང་དེར་ཤར་ཨེ་ཤི་ཡའི་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བ་རང་ལོ་ ༢༣ ལ་སོན་པའི་བོད་པའི་བུ་མོ་བསམ་གཏན་ཆོས་སྒྲོན་ལགས་སུ། གཙུག་ལག་རབ་འབྱམས་པའི་བསླབ་པ་མཐར་སོན་སྐབས་ཤར་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་ཁོངས་ནས་སྤྱི་ཡོངས་ཀྱི་སྐར་གྲངས་ཆ་སྙོམས་ ༡༠ ནས་ ༩.༠༦༣ བླངས་ཏེ་ཨང་རིམ་དང་པོ་སོན་པར་གསེར་གྱི་རྟགས་མ་ཐོབ་འདུག

བསམ་གཏན་ཆོས་སྒྲོན་ལགས་ཀྱིས། ཐོག་མ་རྟགས་མ་འདི་འདྲ་ཞིག་ཐོབ་པ་བསམ་ཡུལ་ལའང་མེད་ཀྱང་། ཕྱིས་སུ་ཐོབ་དུས་བོད་པ་ཡིན་ནའང་གཅིག་བྱེད་རྒྱུ་འདུག་བསམ་པའི་ཚོར་བ་ཧ་ཅང་ཡག་པོ་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ལྡི་ལི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ཨེ་ཤེ་ཡའི་རིག་པའི་ཐོག་གསེར་གྱི་རྟགས་མ་ཐོབ་པ། ༢༠༢༦།༡༡།༢༠
བསམ་གཏན་ཆོས་སྒྲོན། ལྡི་ལི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ཨེ་ཤེ་ཡའི་རིག་པའི་ཐོག་གསེར་གྱི་རྟགས་མ་ཐོབ་པ། ༢༠༢༦།༡༡།༢༠ (བསམ་གཏན་ཆོས་སྒྲོན།)

བསམ་གཏན་ཆོས་སྒྲོན་ལགས་ནི་རྒྱ་གར་ཨ་རུ་ན་ཅལ་དུ་སྐྱེས་ཤིང་། ཕྱིས་སུ་ནང་མི་དང་ལྷན་བཞུགས་སྒར་རྡ་སར་གནས་སྤོ་གནང་སྟེ། སུ་ཇ་བོད་ཁྱིམ་དང་གོ་པལ་པུར་བོད་ཁྱིམ་བཅས་སུ་འགྲིམས་འདུག་པ་དང་། (Miranda House) ཞེས་པའི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཆབ་སྲིད་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་དང་། སློབ་གཉེར་ཁང་དེ་ག་རང་དུ་ཤར་ཨེ་ཤི་ཡའི་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་གནང་འདུག

བསམ་གཏན་ཆོས་སྒྲོན་ལགས་ཀྱིས། བོད་མི་རྣམས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་བྱེད་སྐབས་ཀྱི་བསམ་བློའི་ཁྱེར་སོས་སློབ་སྦྱོང་བྱེད་སྟངས་དང་བློ་སྐྱེད་སྤེལ་བར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་གསུང་གི་འདུག དེ་ཡང་ཁོང་གིས་གསུངས་དོན་དུ། མཐོ་སློབ་ནང་འགྲིམས་པའི་སྐབས་སུ་རྒྱ་གར་གྱི་སློབ་ཕྲུག་རྣམས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་སོགས་དམིགས་བསལ་ཞིག་ཡོད་སྐོར་གོ་མྱོང་ཡོད། སྐབས་རེ་བཤད་ཚུལ་དེ་དག་གིས་སེམས་ཤུགས་གཅོག་པའི་རྒྱུར་འགྲོ་སྲིད་ཀྱང་། སྤྱི་ཚོགས་ནང་དངོས་སུ་ཕྱིན་པའི་ཉམས་མྱོང་ལ་གཞིགས་ཚེ། སོ་སོས་རང་ནུས་གང་ལྕོགས་བྱེད་ཚེ། བོད་པ་ཡིན་ནའང་འགྲོ་སའི་ལམ་ཁ་གཏན་གཏན་ཞིག་འདུག་ཅེས་བརྗོད་འདོད་བྱུང་། སློབ་སྦྱོང་ལ་ལྟ་སྟངས་ཀྱིས་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་དེ། ངས་དུས་རྒྱུན་སློབ་སྦྱོང་ལ་ལྟ་སྟངས་ནི་སྤྱིར་བཏང་སློབ་སྦྱོང་བྱེད་པ་ཙམ་མ་ཡིན་པར། ངས་དེར་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་བཙན་བྱོལ་བ་ཞིག་ཡིན་ཡང་རྒྱལ་ཁབ་ཡོད་མཁན་གཞན་ཁག་ཅིག་དང་མི་འདྲ་བའི་གོ་སྐབས་བཟང་པོ་ཞིག་རགས་ཀྱི་ཡོད་རེད། དེ་དམ་འཛིན་བྱེད་རྒྱུ་གལ་ཆེན་དུ་ལྟ་ཡི་ཡོད། དེས་ང་ལ་སློབ་སྦྱོང་བྱེད་སྐབས་སུའང་ཁྱད་པར་ཆེན་པོ་འགྲོ་ཡི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

བསམ་གཏན་ཆོས་སྒྲོན་ལགས་ཚུད་པའི་སློབ་མ་ཚོས་བོད་ཀྱི་རྒྱལ་དར་ཕྱར་པ།
ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་མི་རཱན་ཌ་སློབ་ཁང་། བསམ་གཏན་ཆོས་སྒྲོན་ལགས་ཚུད་པའི་སློབ་མ་ཚོས་བོད་ཀྱི་རྒྱལ་དར་ཕྱར་པ། (བསམ་གཏན་ཆོས་སྒྲོན།)

རྒྱ་ནག་གི་ཆབ་སྲིད་དང་ལོ་རྒྱུས་ཐོག་སློབ་གཉེར་གཙོ་བཟུང་།

བསམ་གཏན་ཆོས་སྒྲོན་ལགས་ཀྱི་སློབ་སྦྱོང་གི་རྒྱབ་ལྗོངས་ནི། ཤར་ཨེ་ཤེ་ཡའི་རྒྱལ་ཁབ་གཙོ་ཆེ་བ་དང་། དམིགས་བསལ་རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ་ལྷོ་བྱང་། ཐེ་ལྦན་བཅས་ཀྱི་སྐོར་ལས། ཁོང་གིས་རྒྱ་ནག་དང་ཨེ་ཤེ་ཡའི་ས་ཁམས་ཆབ་སྲིད་ཀྱི་འགྱུར་ལྡོག་དང་། རྒྱ་ནག་གི་ཆབ་སྲིད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཁྲོད་བོད་ཕྱོགས་ལ་ལྟ་ཚུལ་སོགས་ཀྱི་སྐོར་ཞིབ་འཇུག་གནང་འདུག་ལ། མུ་མཐུད་རྒྱ་ནག་གི་སྐོར་དང་རྒྱལ་སྤྱིའི་ཆབ་སྲིད་ཐོག་འབུམ་རམས་པ་བྱེད་རྒྱུའི་དམིགས་ཡུལ་ཡོད་པ་གསུང་གི་འདུག ཁོང་ད་ལྟའི་ཆར་བཞུགས་སྒར་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ཕྱག་ལས་གནང་གི་འདུག་ལ། དེ་སྔ་རྒྱལ་ས་ལྡི་ལིར་མཐོ་སློབ་འགྲིམ་བཞིན་པའི་སྐབས་སུའང་སློབ་སྦྱོང་གི་ཞྭར་དུ་ཚོགས་པ་དེའི་ནང་འགན་ཁུར་དང་ལས་འགུལ་སོགས་ནང་མཉམ་ཞུགས་གནང་འདུག ད་ལྟའི་ཆར་ཁོང་གི་ཤེས་ཡོན་གྱི་རྒྱབ་ལྗོངས་ཀྱིས་ཚོགས་པ་དེའི་ནང་ཕྱག་ལས་གནང་སྐབས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་གསུང་གི་འདུག བསམ་གཏན་ལགས་ཀྱིས། ངའི་སློབ་སྦྱོང་གི་རྒྱབ་ལྗོངས་དེ་རྒྱ་ནག་དང་འབྲེལ་བ་ཆེན་པོ་ཡོད་པ་དེས། ལས་ཀ་གང་ཞིག་གཉེར་རུང་བསམ་བློ་བཏང་ཕྱོགས་སོགས་ལ་ཁེ་ཕན་གཏན་གཏན་ཡོང་གི་འདུག་ཅེས་གསུངས་བྱུང་།

རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་བའི་སྐབས་ཀྱི་པར།
བོད་དོན་ལས་འགུལ་སྤེལ་བའི་སྐབས། རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་བའི་སྐབས་ཀྱི་པར། (བསམ་གཏན་ཆོས་སྒྲོན།)

གསེར་གྱི་རྟགས་མ་བཞེས་མཁན་ཕལ་མོ་ཆེ་བེུད་ཡིན་པ།

ཉེ་བའི་ལོ་ཤས་ནས་རྒྱ་གར་ནང་དུ་འཚར་ལོངས་བྱུང་ཞིང་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲིམས་པའི་བོད་པའི་སློབ་མའི་ཁོངས་ན། བོད་པའི་བུ་ལ་གསེར་གྱི་རྟགས་མ་ཐོབ་པ་རེ་ཟུང་འདུག་ཀྱང་། བོད་པའི་བུད་མེད་ལ་རང་ཉིད་ཀྱི་སློབ་ཚན་ཐོག་གསེར་གྱི་གཟེངས་རྟགས་ཐོབ་པ་བརྒྱ་ཆ་ ༩༠ % ཙམ་ཆགས་འདུག དེ་ཡང་ད་བར་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་བོད་པའི་བུད་མེད་ཚོས་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་སོགས་ནས་མཐོ་རིམ་གྱི་རྒྱུགས་སྤྲོད་ཆེན་མོའི་ནང་རྩེ་ཕུད་དུ་ཐོན་པར་མཐོ་རིམ་སློབ་གྲྭའི་གསེར་གྱི་རྟགས་མ་བླངས་པ་དང་། བྱེ་བྲག་ཏུ་སློབ་ཚན་གྱི་ཁོངས་སུ་ལུས་རྩལ་སློབ་སྦྱོང་དང་། སྨན་ཞབས་ཚན་རིག སྨན་རྫས་སློབ་སྦྱོང་སོགས་ཀྱི་ཐོག་རྩེ་ཕུད་ཀྱི་གསེར་གྱི་རྟགས་མ་བླངས་པ་ཡང་མང་དག་ཅིག་བྱུང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སློབ་ཡོན་གྱི་ཕྱག་འཁྱེར་བསྩལ་བའི་སྐབས།
སྲིད་སྐྱོང་གི་སློབ་ཡོན་ཐོབ་པ། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སློབ་ཡོན་གྱི་ཕྱག་འཁྱེར་བསྩལ་བའི་སྐབས། (བསམ་གཏན་ཆོས་སྒྲོན།)

བསམ་གཏན་ལགས་ཀྱིས་མྱོང་བ་དང་འབྲེལ་བའི་བོད་པའི་གཞོན་སྐྱེས་ཚོར་དམིགས་པའི་བཀའ་མོལ་ཞིག་གནང་པའི་ནང་། བོད་པའི་སློབ་ཕྲུག་རྣམས་ནས་སྐབས་རེ་སློབ་སྦྱོང་བྱེད་སྐབས། སོ་སོའི་ནུས་པ་ལ་དོགས་པ་སྐྱེས་དུས་མང་བ་སེམས་ཤུགས་ཆག་པ་སོགས་ཡོང་གི་ཡོད་པས། སོ་སོའི་ངོས་ནས་སོ་སོའི་ནུས་པར་ཡིད་ཆེས་བྱེད་ཚེ། ངའི་བསམ་པར་ལམ་ཁ་ཞིག་གཏན་གཏན་རྙེད་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་བྱུང་།

ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཐེངས་ ༡༠༣ པའི་ཐོག མཐོ་རིམ་རབ་འབྱམས་པའི་སློབ་མ་ ༨༥༢༣༡ དང་། གཙུག་ལག་རབ་འབྱམས་པའི་སློབ་མ་ ༧༢༣༥། དེ་བཞིན་འབུམ་རམས་པའི་ཞིབ་འཇུག་སློབ་མ་ ༤༠༠ ཙམ་ལ་སློབ་ཐོན་ལག་ཁྱེར་གནང་བའི་ནང་ནས། བྱེ་བྲག་སློབ་ཚན་གྱི་སྡེ་ཚན་ནང་རྩེ་ཕུད་ལོན་པའི་སློབ་མ་ཁྱོན་ ༡༦༢ ལ་གསེར་གྱི་རྟགས་མ་གནང་འདུག་ཅིང་། དེ་དག་ལས་ ༡༣༠ ཙམ་ཞིག་བུད་མེད་ལ་ཐོབ་ཡོད་པ་རེད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།